༄༅། །དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་༧སྐྱབས་མགོན་༸གོང་མ་ཛྙ་ན་བཛྲ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས་བཞུགས་སོ། །

༧སྐྱབས་མགོན་འཁོན་གདུང་ཛྙ་ན་བཛྲ་རིན་པོ་ཆེ་ནི། ཡབ་ས་སྐྱ་༧གོང་མ་ཁྲིི་ཆེན་ཞེ་གཅིག་པ་ཆེན་པོ་མཆོག་དང་། རྒྱལ་ཡུམ་བཀྲ་ཤིས་ལྷ་སྐྱིད་གཉིས་ཀྱི་སྲས་སུ་བོད་རྒྱལ་ལོ་ ༢༡༠༦ ས་ལུག་བོད་ཟླ་ལྔ་པའི་ཚེས་བཅུ་སྟེ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་དུས་ཆེན་དགེ་བའི་ཉིན་ཕྱི་ལོ་ ༡༩༧༩ ཟླ་ ༧ ཚེས་ ༥ དེཧ་རཱ་དུན་དུ་སྐུ་འཁྲུངས། དེ་མ་ཐག་ཡབ་རྗེ་མཆོག་གིས་གོང་མའི་ཕྱག་སྲོལ་ལྟར་ལྗགས་ལ་དྷཱི་ཡིག་འབྲི་བ་དང་ལེགས་སྦྱར་སྐད་དུ་ཛྙ་ན་བཛྲ་སྟེ། ཡེ་ཤེས་རྡོ་རྗེ་ཞེས་པའི་མཚན་གསོལ།

མཚན་མཆོག་གསུམ་ལྡན་གྱི་གདུང་བརྒྱུད་རིན་པོ་ཆེ་འདི་ཉིད་ནི་ཐོག་མར་འོད་གསལ་ལྷ་ལས་བྱུང་ཞིང་། གཟུགས་ཁམས་ལྷ་གནས་ཀྱི་སྤུན་བདུན་ཡོད་པའི་ནང་ནས་བྱུང་བ་ཞིག་ཡིན་ལ། གདུང་བརྒྱུད་འདིར་དུས་རབས་བརྒྱད་པའི་ནང་ཨོ་རྒྱན་གུ་རུ་རིན་པོ་ཆེ་ཞལ་བཞུགས་སྐབས་ནས་འཁོན་ཀླུའི་དབང་སྲུང་བ་སོགས་མཁས་གྲུབ་མང་པོ་བྱོན་ཏེ་བོད་ཀྱི་ནང་བསྟན་ལ་མཛད་རྗེས་ཆེན་པོ་བཞག་ཡོད།